༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ།
International Nyingma Foundation
༈ ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་བྱུང་བ།
༄༅། །ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་བྱུང་བའི་གཏམ་མདོ་ཙམ་ཞུས་ན། རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་གསབ་ཏུ་མེད་པའི་གྱོང་གུན་གྱི་གཏམ་༸སྐྱབས་རྗེ་བདེ་བར་གཤེགས་པ་རྡོ་གྲུབ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་འབར་དཔལ་བཟང་པོ་མཆོག་དང་། ཁྱབ་བདག་འཁོར་ལོའི་མགོན་པོ་༧སྐྱབས་རྗེ་བདུད་འཇོམས་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་མཆོག་རྣམ་གཉིས་ནས། རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས། འཇིག་རྟེན་ཉི་མ་གཉིས་ཀྱི་ས་ལམ་ལ་བར་ཆད་མེད་པར་ཟག་མེད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་དཔལ་ལ་ཡང་སྲིད་སྤྲུལ་པའི་ཟླ་ཞལ་མྱུར་དུ་ཚེས་པའི་སླད་དུ། འདི་ག་ས་གནས་སུ་ཤུལ་ལུས་བུ་སློབ་རྣམས་ནས་མ་སྐུལ་དྭང་བླངས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༢ ཚེས་ ༢༦ རེས་གཟའ་སྤེན་པ། མར་ངོའི་ཚེས་བཅུ་མཁའ་འགྲོ་འདུ་བའི་ཉིན་མོར། དགོངས་རྫོགས་མཆོད་འབུལ་ཞིག་གོ་སྒྲིག་གིས་ཚོགས་པའི་སྐབས་དེར། དད་ལྡན་མི་མང་རྣམས་ནས་ཚོར་བ་ཆེན་པོའི་ཐོག འདི་ཕྱོགས་སུ་ས་དགེ་བཀའ་བརྒྱུད་བཅས་ཀྱི་སྨོན་ལམ་ལོ་ལྟར་སྔར་ནས་ཚོགས་མུས་ལགས་ཀྱང་། སྔ་འགྱུར་ཚང་གི་སྨོན་ལམ་ད་བར་རྩ་བ་ནས་ཚུགས་མ་མྱོང་བས། ཁྱེད་རྣམས་ནས་དེ་འདྲ་ཞིག་ཅིས་ནས་གོ་སྒྲིག་བྱེད་དགོས་པའི་རེ་འབོད་ལ་དང་ལེན་ཞུས།
དངོས་གཞི་ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་གྲ་སྒྲིག་ལ་ཞུགས་པ་ན། སྤྱིར་བཏང་འདི་ཕྱོགས་སུ། སྤྱི་ལས་ཚད་ལྡན་གྱི་འདུ་བྱེད་དག་ཡུལ་ཁྲིམས་མཐུན་པའི་སྒྲིག་འཛུགས་ཤིག་ཀྱིས་བྱས་ན་བྱེད་སྟབས་བདེ་བ་སོགས་ཀྱི་དགོས་པ་དུ་མར་གཞིག་སྟེ། མ་འོངས་པར་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ། གངས་ཅན་ལྗོངས་ཀྱི་སྐད་དང་རིག་གཞུང། སྤྱི་ཚོགས་བཅས་ལ་ཞབས་ཞུའི་བསྒྲུབ་རྒྱུར་དམིགས་ཏེ། རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ་(International Nyingma Foundation) ཞེས་པའི་ཚོགས་པ་ཞིག་དེབ་སྐྱེལ་ཞུས་ཡོད། དེ་མིན་ད་ཆ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པ་ཞེས་པའི་ཚོགས་པ་ཞིག་ཟུར་དུ་དེབ་སྐྱེལ་ཞུས་མེད། གང་ལགས་ན། འདི་ནི་སྔ་འགྱུར་སྤྱི་ལ་དབང་བ་མ་གཏོགས་ངེད་ཚོ་འགའ་ཞིག་གིས་བདག་བཟུང་བགྱིས་ན་ཆེས་འོས་ཤིང་མི་འཚམ་པར་སེམས། གལ་ཏེ་མ་འོངས་པར་བསྟན་འཛིན་རྣམས་ནས་དགོས་གལ་གཟིགས་ཏེ་བཀའ་བསྐོས་ཕེབས་མཚམས་འདི་ལུགས་ཞུ་རྒྱུའི་ཐག་གཅོད་བྱས།
དེས་ན་འདི་ལོའི་ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་དང་པོ། འདི་བཞིན་རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩའི་ངོས་ནས། ཚོགས་གཙོ་སྤྲུལ་སྐུ་བདེ་ཆེན་རྡོ་རྗེས་དབུ་འཁྲིད་པའི་རྒྱུན་ལས་ཁོངས། ཚོགས་གཞོན་ཐུབ་བསྟན་ཆོས་འཕེལ། དྲུང་ཆེ་ཕུན་ཚོགས་སྟོབས་རྒྱལ། ཆོས་ཕྱོགས་འགན་འཛིན་ཨོ་རྒྱན་རྒྱལ་པོ། དངུལ་གཉེར་སློབ་དཔོན་འཇིགས་མེད་དབང་ཕྱུག རྩིས་པ་བསྟན་འཛིན་དགའ་བ། འབྲེལ་མཐུད་པ་ཏཱ་ར་སྒྲོལ་མ། གཉེར་པ་དཔལ་ལྡན་འབྲུག་གྲགས། དྲྭ་ལམ་འགན་འཛིན་སྤྲུལ་སྐུ་པདྨ་རྣམ་རྒྱལ་བཅས་ཚོགས་མི་དགུ་པོས་སྤྱི་མོས་ཀྱིས་གོ་སྒྲིག་ཞུ་རྒྱུའི་ཐག་གཅོད་བྱུང་དོན་བཞིན། དཔལ་སྔ་འགྱུར་གྱི་གདན་ས་ཆེན་མོ་དྲུག་དང་། རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་མཆོག སྙིང་ཐིག གཏེར་གསར་བཅས་ཀྱི་བསྟན་བདག་རྣམ་པ། དེ་བཞིན་སྔ་འགྱུར་རྙིང་མའི་སྐུ་ཚབ་སྤྱི་འཐུས་རྣམ་གཉིས་བཅས་ལ་ཕྱག་ཡིག་ལམ་ནས། ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་བྱུང་རིམ་དང་མ་འོངས་ལས་འཆར་བཅས་པ་སྙན་སྒྲོན་ཞུས་པས། ཐུགས་དགྱེས་ཚོར་ཆེན་པོས་ལེགས་སོ་ཡི་རངས་དང་བཀའ་ཡིག་ལམ་སྟོན་བཅས་པ་སྤྱི་བོར་སྨིན་སྩོལ་བྱུང་།
བོད་གནམ་ལོ་ཆུ་སྟག་ ༢༠༤༩ ཟླ་བ་ ༦ ཚེས་ ༡༥ ནས་ ༡༨ བར། ཕྱི་ལོ་ ༢༠༢༢ ཟླ་བ་ ༨ ཚེས་ ༡༢ ནས་ ༡༤ བར་ཉིན་གསུམ་རིང་། ༧སྐྱབས་རྗེ་གདུང་སྲས་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་འདི་ག་ཁེ་ན་ཌ་དང་། ཨ་རིར་ཡོད་པའི་རང་ལུགས་སྔ་འགྱུར་ཚང་གིས་གཙོས་པའི་རིས་མེད་ཆོས་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམས་དང་། དགེ་འདུན་པ་ཞལ་གྲངས་ ༥༠ ལྷག དད་ལྡན་ས་གནས་མི་མང་སྟོང་ཚོ་གཅིག་ཙམ་མཉམ་ཞུགས་ཀྱིས་སྨོན་ལམ་ཐེངས་དང་པོ་འདི་ཉིད། སྟོན་མཆོག་མཉམ་མེད་ཐུབ་པའི་དབང་པོ་དང་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དྲི་མ་མེད་པའི་བརྒྱུད་འཛིན་དང་བཅས་པ་ལ་རྗེས་དྲན་གུས་འདུད་ཞུ་བ་དང་། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བར་རྒྱལ་བསྟན་སྤྱི་དང་། བྱེ་བྲག་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། ཡང་སྒོས་སུ་དཔལ་གསང་ཆེན་སྔ་འགྱུར་འོད་གསལ་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འགྲོ་བའི་གནས་རིས་མ་སྟོང་གི་བར་དུ་གནས་པར་བྱེད་པ་དང་། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་དབུས་བསྟན་པ་སྤྱི་བྱེ་ལ་མཁས་པའི་ཚུལ་དགུའི་ལམ་ནས་སྲི་ཞུ་བླ་ན་མེད་པ་སྒྲུབ་པའི་ངེས་དོན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་པ་མཐའ་དག་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་ཏེ། ཐུགས་ལ་བརྣག་པའི་བཞེད་དགོངས་ཐམས་ཅད་ཡོངས་སུ་འགྲུབ་པ་དང་། བོད་གཞིས་བྱེས་གཉིས་ཀྱིས་རིང་ནས་སྙིང་ལ་བརྣག་པའི་འདོད་དོན་བདེན་མཐའ་མྱུར་དུ་གསལ་བ། ལྷག་པར་དུ་རི་བོ་ཧི་མ་ལ་ཡའི་མངའ་ཁོངས་སུ་ཡོད་པའི་རྙིང་མའི་ཆོས་སྡེ་རྣམས་ཀྱིས་གཙོས་རྒྱལ་སྤྱིའི་རྙིང་མ་བ་རྣམས་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་འབྲེལ་འདྲིས་དང་རོགས་རམ་ཡོང་བ། འཛམ་གླིང་ཡོངས་ལ་དུས་ཀྱི་རྒུད་པ་དང་འབྲེལ་བའི་ནད་ཡམས་དང་། འཁྲུག་རྩོད། མུ་གེ་དང་། ས་ཡོམ་སོགས་ཕྱི་ནང་འབྱུང་བའི་གནོད་འཚེ་ལ་བརྟེན་པའི་མི་བདེ་བའི་རྐྱེན་ངན་གང་དང་གང་བྱུང་བ་རྣམས་ལྷག་མེད་དུ་ཞི་བ་དང་། ཞི་བདེ་མཐུན་སྒྲིལ་གྱི་ལམ་ནས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་ཡོང་བའི་ཆེད་འབད་རྩོལ་དང་ལྷན་མཆོག་གསུམ་རྒྱུད་སྐུལ་བྱེད་པ། དེ་བཞིན་བགྲོ་གླེང་དང་ཆོས་བཤད་ཀྱི་ལམ་ནས་དད་ལྡན་མང་ཚོགས་ཀྱི་རྒྱུད་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བ། ཕྱི་ནང་གི་ཡུལ་གྲུ་གང་སར་རྐྱེན་ལམ་དུ་སོང་བའི་ཉམ་ཐག་གི་འགྲོ་བ་ཇི་སྙེད་པ་རྣམས་ལ་བསྔོ་སྨོན་ཟབ་རྒྱས་ཞུ་རྒྱུ་བཅས་མདོར་ན་འདི་ཕྱིའི་འཕྲལ་ཕུགས་ཀྱི་བདེ་སྐྱིད་ཁོ་ནར་དམིགས་ཏེ། ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འདི་བཞིན། ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ་ཚོགས་པའི་ངོས་ནས། འདི་ཕྱོགས་ཀྱི་ཆོས་སྡེ་དང་། ཚོགས་སྡེ། དེ་བཞིན་རྒྱ་ཆེ་མི་མང་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཀྲ་ཤིས་དགེ་ལེགས་ངང་ལེགས་གྲུབ་ཞུས།
མ་འོངས་གོ་སྒྲིག་ཞུ་ཕྱོགས་ཐད་ཐོག་མའི་འཆར་གཞི་ལྟར། སྨོན་ལམ་ཉིན་གཉིས་པའི་ཕྱི་དྲོར་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམས་དང་ལྷན་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ལགས་ཀྱང་། དེ་ཉིན་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་རྐྱེན་པས་ཚུགས་མ་ཐུབ། འོན་ཀྱང་དེ་ལྟར་ཚུགས་ཐུབ་མིན་ལ་མ་ལྟོས་པར་ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འདི་ཉིད་འགོ་བཙུགས་ཟིན་པས། ད་བར་ཆད་མེད་པར་མུ་མཐུད་ཚུགས་ཐུབ་པ་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེར་སོང་། ཁ་སྔོན་དཔལ་ཡུལ་མཆོག་སྤྲུལ་༧སྐྱབས་རྗེ་རྨུགས་སངས་རིན་པོ་ཆེ་མཆོག་ནས་ལམ་སྟོན་ཕེབས་གསལ། མ་འོངས་པར་རང་ལུགས་དགོན་ཆེན་རྣམས་ཀྱི་སྐུ་ཚབ་ཀྱི་ངོ་བོ་ལས་གྲུབ་པའི་ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སློབ་སྟོན་ཚུགས་ཆུང་ཞིག་བཙུག་ཐུབ་ན་འབྱུང་འགྱུར་ལས་དོན་བྱ་སྟབས་བདེ་བར་ཡོང་རྒྱུའི་ཐུགས་བརྩེ་ཆེན་པོའི་བཀའ་སློབ་འདི་ཉིད་གུང་འབངས་ནས་སྙིང་བཅང་གིས་འདི་ལོ་སློབ་སྟོན་ཚུགས་ཆུང་ཞིག་བཙུག་ཐུབ་པ་ཞུ་རྒྱུ་དང་ཆབས་ཅིག སྨོན་ལམ་སྐབས་དང་པོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། བློ་དཀར་ལྷག་བསམ་ཅན་དུ་མས་གྲོས་སྡུར་རིམ་པར་བྱུང་མཐར། མ་འོངས་སྨོན་ལམ་ཚོགས་པའི་ལས་དོན་སྒྲིག་གཞི་ཞིག་དགོས་གལ་ཆེ་བར་མཐོང་ནས། ད་ཡོད་རིས་མེད་སྨོན་ཚོགས་པ་ཁག་གི་ཡིག་ཆ་དང་། བློ་ལྡན་རྣམ་ལ་བཀའ་སློབ་རིམ་པར་ཞུས་ཏེ། བོད་རྒྱལ་ལོ་ ༢༠༤༩ ཟླ་བ་༩ ཚེས་ ༢༢ ཕྱི་ལོ་ ༢༠༢༢ ཟླ་བ་༡༡ ཚེས་ ༡༥ རེས་གཟའ་མིག་དམར་ལྷ་བབ་དུས་ཆེན་གྱི་རྟེན་འབྲེལ་དགེ་བའི་ཉིན་འགན་འཛིན་ལྷན་ཚོགས་དང་། རྒྱུན་ལས་ཐམས་ཅད་ཚང་འཛོམས་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་ཐུབ་པ་བྱུང་ཡོད་ཅེས་རེ་ཞིག་དེ་ཙམ་གྱིས་བྱུང་བའི་གཏམ་འཐུས་པར་བགྱིས་སོ།།