༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ།
International Nyingma Foundation
༈ བདུད་འཇོམས་གཏེར་གསར་ཆོས་འབྱུང་།
༄༅། །གཏེར་བདག་རྣམ་པའི་རྣམ་ཐར་དང་སྦྱར་ཏེ་བདུད་འཇོམས་གཏེར་གསར་གྱི་འབྱུང་བ་དང་ངོ་སྤྲོད་མདོ་ཙམ་བརྗོད་པ།
དེ་ཡང་གཏེར་གསར་གྱི་བསྟན་པ་དེ་ཉིད་འཇིག་རྟེན་མིའི་ཡུལ་དུ་བབས་ཚུལ་སྐོར་ལ་ཆོས་བདག་རྣམ་པའི་རྣམ་ཐར་དང་སྦྱར་ཏེ་དད་པའི་ས་བོན་ཙམ་ཞིག་ཞུ་བ་ལ། ཐོག་མར་དབུ་བརྙེས་ཚུལ་དང་། བར་དུ་སྲོལ་གཏོད་ཚུལ། མཐར་དར་ཞིང་རྒྱས་པར་མཛད་ཚུལ་བཅས་རིམ་པ་གསུམ་གྱི་ལམ་ནས་ཞུ་བ་ལ། དང་པོ་ནི། གཏེར་གསར་བསྟན་པའི་གཙུག་རྒྱན་སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་དཔའ་བོའམ། ནམ་མཁའི་རྣལ་འབྱོར་རམ། འཆོལ་བའི་ཁྲོ་རྒྱལ་ལམ། གར་གྱི་དབང་ཕྱུག་གམ། རྒིས་ལི་གཏེར་སྟོན་སོགས་ཀྱིས་མཚོན་པའི་མཚན་གྱི་སྙན་པ་ཀུན་ཏུ་གྲགས་པའི་ཁྲག་འཐུང་བདུད་འཇོམས་གླིང་པ་རྡོ་རྗེ་གྲོ་ལོད་རྩལ་ཞེས་གྲགས་པའི་སྙིགས་དུས་འགྲོ་བའི་མགོན་གྱི་དཔའ་བོ་གཅིག་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི། ཇི་སྐད་དུ། མི་མིན་རང་སྣང་སྟོན་པའི་ཕ་ཕོགས་ཐོབ།། ཀུན་བཟང་ཐུགས་ཀྱི་གཏེར་ཁ་ཀློང་ནས་བརྡོལ།། ནམ་མཁའི་རྣལ་འབྱོར་འཆོལ་བའི་ཁྲོ་རྒྱལ་དངོས།། གར་དབང་བདུད་འཇོམས་དཔའ་བོ་ལ་གསོལ་བ་འདེབས།། ཞེས་དང་། པདྨའི་གཏེར་ལུང་ལས། མ་འོངས་དུས་ཀྱི་ཐ་མ་ལ༔ ང་དང་མི་གཉིས་ངའི་སྤྲུལ་པ༔ སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ༔ ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་༔ ཆོས་ཀུན་ཀློང་བརྡོལ་གཏེར་གསུམ་འདོམས༔ ལྷུན་གྲུབ་རིག་འཛིན་སྒྱུ་འཕྲུལ་རོལ༔ ཁྲག་འཐུང་རྡོ་རྗེ་ཁྲོ་བོ་ལོད༔ པདྨའི་གསང་མཛོད་བདག་པོ་འབྱུང་༔ འདི་འཕྲད་རྟེན་འབྲེལ་གནད་ལྡན་ན༔ སྐལ་ལྡན་སྟོང་གིས་རིག་འཛིན་བརྙེས༔ མངའ་བདག་རྗེ་འབངས་ཞལ་འཛོམས་འགྱུར༔ ཞེས་དང་། སངས་རྒྱས་བླ་མའི་གཏེར་ལུང་ལས། ལྔ་བརྒྱའི་དུས་སུ་ཁམས་ཀྱི་གཏེར་ལུང་དུ༔ བདུད་འཇོམས་རྡོ་རྗེས་ཟབ་གཏེར་སྒོ་ཡང་འབྱེད༔ ཅེས་དང་། བདུད་འཇོམས་རོལ་པ་རྩལ་གྱི་གཏེར་ལུང་ལས། མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ པད་འབྱུང་ང་ཉིད་བདུད་འཇོམས་རྡོ་རྗེར་སྤྲུལ༔ ལུས་ལ་ལྟེ་སྨེ་སྙིང་གར་གྲུ་གསུམ་ཤར༔ རྣ་ལྟག་གཡས་སུ་སེང་རལ་སྨེ་བས་བརྒྱན༔ ཟབ་གཏེར་རྣམ་གསུམ་སྒོ་འབྱེད་འབྲེལ་ཚད་ཀུན༔ ལྷོ་ནུབ་པདྨ་འོད་དུ་ལམ་སྣ་འདྲེན༔ ཞེས་སོགས་ཀྱིས་མཚོན་པའི་སྐྱེས་ཆེན་དམ་པ་དུ་མས་གཏེར་ལུང་གིས་བསྔགས་ཤིང་ཟིན་པའི་སྐྱེས་ཆེན་དམ་པ་དེ་ཉིད། སྨད་མདོ་ཁམས་སྒང་དྲུག་ལས་ཤར་མི་ཉག་ར་བ་སྒང་གི་སའི་ཐིག་ལེ་ཝ་ཞབས་སེང་གེ་བྲག་དཀར་རམ་འདྲ་ལྕགས་ཁུང་ཞེས་པའི་གནས་སུ། ཡབ་གནུབས་ཀྱི་རུས་བརྒྱུད་ཨ་བརྟན་དང་། ཡུམ་དམུ་ཚ་བོ་རྫོགས་ཞེས་པའི་རིགས་སྲས་སུ། རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་(1834)ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་པའི་ཚུལ་གྱིས་གཏེར་གསར་གྱི་བསྟན་པ་དེ་ཉིད་དབུ་བརྙེས་པར་མཛད་དོ།།
གཉིས་པ་སྲོལ་གཏོད་ཚུལ་ནི། རིམ་པས་དུས་ནས་དུས་སུ་ལེགས་ཚོགས་ཀུན་གྱི་རྩ་བ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ། ཀཿཐོག་ཕྱག་ཚ་སྤྲུལ་སྐུ་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོ། འཇའ་བ་ཨ་ལགས་རིན་པོ་ཆེ་སོགས་ཀྱིས་གཙོས་པའི། ཡུམ་ཆེན་ཁྲོས་མ་ནག་མོ་དང་། གྲུབ་ཆེན་ས་ར་ཧ་པ། རིག་འཛིན་བརྒྱད། རྗེ་འབངས་དང་ལོ་པཎ། ཀློང་ཆེན་པ་སོགས་ཡེ་ཤེས་སྒྱུ་སྐུའི་ཚོགས་ཀྱིས་ཡང་ནས་ཡང་དུ་རྗེས་སུ་བཟུང་ཞིང་དབུགས་དབྱུང་བར་མཛད་པ་ལས། དག་པའི་སྣང་ངོར་ཌ་ཀིའི་ཚོགས་ཀྱིས་ཟངས་མདོག་དཔལ་གྱི་རི་བོར་གདན་དྲངས་ཤིང་ལོ་བཅུ་གཉིས་སུ་བཞུགས་པ་དང་། དེ་བཞིན་ཨོ་རྒྱན་རང་འབྱུང་དང་། བསིལ་བ་ཚལ། རི་བོ་རྩེ་ལྔ་། སིནྡྷུའི་གྲོང་ཁྱེར། གྲུ་འཛིན། ལྕང་ལོ་ཅན། གཡུ་ལོ་བཀོད་པ་སོགས་དག་པའི་ཞིང་དུ་མར་བྱོན་ཏེ། མདོ་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གསན་པ་དང་། དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་དུ་ཚོགས་འཁོར་སྐོར་བ་སོགས་ཀྱིས་གཟིགས་སྣང་མཐའ་ཡས་སོ།།
དེ་ལྟར་དག་སྣང་དང་སྦྲགས་གཏེར་གྱི་སྒོ་མོ་ཕྱེ་ཚུལ་ལ་ཆ་བཞག་ན། སྐུ་ཆུང་ངུའི་དུས་ནས་གཏེར་ཆོས་མི་ཉུང་བ་ཞིག་བཞེས་པར་མཛད་ཀྱང་། ཕལ་ཆེར་དགུང་ལོ་ཉེར་གསུམ་གོང་དུ་བཞེས་པའི་གཏེར་ཆོས་དག་འགྲོ་བ་མིའི་བསོད་སྐལ་དུ་མ་གྱུར་བར་གྲགས། དེའི་རྗེས་སུ་གཏེར་ཆོས་མཐའ་ཡས་པ་ཞིག་དྲངས་པ་ལས་གཙོ་བོའི་གཙོ་བོར་གྱུར་པ་ནི། ཇི་སྐད་དུ། ཁམས་ཀྱི་རྡོ་བྲག་དམར་ཐག་ལས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་འབྱིན་༔ ཞེས་གསུངས་པ་ལྟར། མཁའ་འགྲོའི་སྙིང་ཐིག་ས་གཏེར་གྱི་ཆོས་སྐོར་དང་། ཇི་སྐད་དུ། འོད་གསལ་བདེ་ཆེན་རོལ་པ་ནས༔ ཟབ་ཆོས་དགོངས་པ་ཀློང་ནས་བརྡོལ༔ ཞེས་གསུངས་པ་ལྟར། དགོངས་པ་ཀློང་བརྡོལ་དགོངས་གཏེར་གྱི་ཆོས་སྐོར་དང་། ཇི་སྐད་དུ། ཆོས་ཉིད་སྒྱུ་མར་རོལ་པ་ལས༔ དག་སྣང་ཡེ་ཤེས་དྲྭ་བ་འཆར༔ ཞེས་གསུངས་པ་ལྟར་། ཡེ་ཤེས་དྲྭ་བ་དག་སྣང་གི་ཆོས་སྐོར་ཏེ་སྐོར་ཚོ་གསུམ་མམ། དེའི་སྟེང་ན། ཇི་སྐད་དུ། ཐུགས་དགོངས་ཀློང་ཆེན་ཡངས་པ་ནས༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་བརྡོལ༔ ཞེས་གསུངས་པ་ལྟར། ཆོས་ཉིད་ནམ་མཁའི་ཀློང་མཛོད་ཀྱི་ཆོས་སྐོར་བསྣན་པས་སྐོར་བཞིར་གྱུར་བ་དེ་དག་ལ་བདུད་འཇོམས་ཟབ་ཆོས་སྐོར་གསུམ་མམ་བཞིར་གྲགས་པ་དག་བཞེས་པར་མཛད་པ་ལས་གཏེར་གསར་གྱི་བསྟན་པ་མི་ཡུལ་དུ་ཕབ་སྟེ་སྲོལ་གཏོད་པར་མཛད་དོ།།
གསུམ་པ་དར་ཞིང་རྒྱས་པར་མཛད་ཚུལ་ནི། སྤྱིར་རྒྱལ་བའི་བསྟན་པ་དང་ཡང་སྒོས་གཏེར་གསར་གྱི་བསྟན་པའི་འཕྲིན་ལས་ཕྱོགས་མཐའ་ཀུན་ཏུ་རྒྱས་པར་བྱེད་པའི་ཚུལ་ནི། ཇི་སྐད་དུ། པདྨའི་གཏེར་ལུང་ལས། འདི་འཕྲད་རྟེན་འབྲེལ་གནད་ལྡན་ན༔ སྐལ་ལྡན་སྟོང་གིས་རིག་འཛིན་བརྙེས༔ མངའ་བདག་རྗེ་འབངས་ཞལ་འཛོམས་འགྱུར༔ ཞེས་གསུངས་པ་ལྟར། སྲས་ཀྱི་མཐུ་བོར་གྱུར་པ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། མཁན་པོ་ཀུན་དཔལ་སོགས་ཀྱིས་གཙོས་པའི་གཞན་དོན་ལ་དབང་བའི་གཏེར་སྟོན་བཅུ་ཕྲག ཚེ་གཅིག་ཟུང་འཇུག་འགྲུབ་པའི་སྐྱེས་བུ་བཅུ་གསུམ། གྲུབ་པ་བརྙེས་པའི་རིག་འཛིན་བརྒྱ། ཐུན་མོང་གི་དངོས་གྲུབ་ཐོབ་པ་སྟོང་སོགས་སློབ་མ་གྲངས་ལས་འདས་པ་བསྐྱངས་བ་དང་། དེ་བཞིན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་སྨན་པའི་སླད་དུ་ཆོས་གཞི་གསེར་རྟ་ལི་ཁོག་གི་བརྡར་ཆང་དུ་སྐལ་བཟང་དགོན་པ་ཕྱག་བཏབ་པ་སོགས་ཀྱིས་མཚོན་པའི་སྤྱིར་རྒྱལ་བའི་བསྟན་པ་དང་ཡང་སྒོས་གཏེར་གསར་གྱི་བསྟན་པའི་འཕྲིན་ལས་ཕྱོགས་མཐའ་ཀུན་ཏུ་རྒྱས་པར་མཛད་དོ།།
མཐར་མ་འོངས་ལུང་བསྟན་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་ནི། མགོན་པོ་དེ་ཉིད་མ་འོངས་གསལ་གཟིགས་ཀྱིས་བུ་སློབ་ཚོགས་ལ་བཀའ་སློབ་སྩལ་དོན། འདི་སྐད་དུ། ད་ནི་མཐའ་དམག་ཀླ་ཀློའི་སྡེ་དཔུང་རིམ་བཞིན་དབུས་སུ་ལུད་དེ་བདེ་བའི་གོ་སྐབས་ཉུང་བས་ན། གུ་རུའི་སྦས་པའི་ཡུལ་ལྗོངས་སུ་བསྐྱོད་རན་པ་ཡིན་པས་ཁྱེད་རྣམས་གནས་དེར་གསོལ་བ་ཐོབ་ལ་སོང་། ང་ཡང་དེར་འགྲོ་བ་ཡིན་པས་ཁྱེད་ཅག་སྔོན་དུ་ང་རྒན་པོ་སླེབས་པ་ཞིག་བྱས་ནས་འོང་། ཞེས་སྐྱེ་འཆི་ལ་མངའ་བརྙེས་པའི་ཡོན་ཏན་མངའ་བའི་ཚུལ་གྱིས་ལུང་བསྟན་དང་བཅས་ཏེ་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་འདྲེན་པའི་སླད་དུ། དགུང་ལོ་དྲུག་ཅུ་རྩ་དགུ་པ། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ (1903) ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་སྙུན་གྱི་རྣམ་པ་སོགས་ཅི་ཡང་མེད་པར་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས། ཟངས་མདོག་དཔལ་གྱི་རི་བོར་འོག་མིན་པདྨ་དྲྭ་བའི་ཞིང་དུ་དཔལ་ཆེན་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཐུགས་ཀློང་དུ་གཉིས་སུ་མེད་པར་ཐིམ་པའི་ཚུལ་བསྟན་མོད།
འོན་ཏང་སྤྱིར་རྒྱལ་བསྟན་སྤྱི་དང་ཡང་སྒོས་གཏེར་གསར་བསྟན་པ། ཁྱད་པར་སྦས་ཡུལ་པདྨ་བཀོད་ཀྱི་འཆི་མེད་ཡང་གསང་གི་གནས་སྒོ་འབྱེད་པ་པོར་གུ་རུའི་ཡབ་ཡུམ་གྱིས་ཡང་ནས་ཡང་དུ་བསྔགས་ཤིང་རྗེས་སུ་བསྐུལ་དོན་བཞིན་ཆིབས་ཞལ་བསྒྱུར་བར་བཞེད་རུང་། སྐབས་དེའི་སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་རྐྱེས་པས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར་བ་དེ་ཉིད་ཁ་སྐོང་བའི་སླད་དུ་ཡང་སྲིད་པར་བཟུང་བའི་ཚུལ་བསྟན་ཚུལ་ནི། ཇི་སྐད་དུ། ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས། མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནས་གཏེར་རྙིང་བསྟན་པ་སྐྱོངས༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་ཟིན་པ་ལྟར། འབྲོག་བན་ལོ་ཙཱ་བའི་སྐུའི་སྤྲུལ་པ། མ་གཅིག་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ། རྒྱལ་དབང་པདྨ་ཀ་རའི་ཐུགས་ཀྱི་སྤྲུལ་པ་སྟེ་རྣམ་གསུམ་ཡེ་ཤེས་སྒྱུ་མའི་རོལ་རྩལ་ཞེས་ས་ཐོབ་ཀྱི་སེམས་དཔའ་རྣམས་ཀྱིས་བསྔགས་པའི་ཡུལ་དུ་གྱུར་པའི་གཏེར་ཆེན་ཉི་མ་རྒྱལ་མཚན་ནམ། ཡེ་ཤེས་རྡོ་རྗེའམ། འཇིགས་བྲལ་བདེ་ཆེན་རྡོ་རྗེའམ། མཚོ་བྱུང་དགྱེས་པའི་ལང་མཚོའམ། འགྱུར་མེད་དགེ་ལེགས་ཕྱོགས་ལས་རྣམ་རྒྱལ་ལམ། རྒྱལ་སྲས་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་རམ། རྡོ་རྗེ་འདུས་རྩལ་ལམ། ཡན་པ་བློ་བདེའམ། གར་དབང་འགྲོ་འདུལ་གླིང་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་སྙན་པར་གྲགས་པའི་རིག་འཛིན་ཆེན་པོ་དེའི་རྣམ་པར་ཐར་པ་ནི། ཇི་སྐད་དུ། མུཀྟིཀའི་དོ་ཤལ་ལས། རྔ་ཡབ་གླིང་ནས་གུ་རུའི་ཡབ་ཡུམ་གྱིས།། དགོངས་པའི་དྲོད་གཏད་དབུགས་དབྱུང་ཐོབ་པ་ལས།། གསང་ཆེན་བསྟན་པའི་རྒྱལ་མཚན་ཀུན་ཏུ་བསྒྲེང་།། འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།། ཞེས་གསུངས་པ་ལྟར། དམ་པ་དེ་ཉིད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་སུ་ཆགས་པའི་རྒྱལ་སྲས་རིགས་གསུམ་མགོན་པོའི་གདུལ་ཞིང་དུ་གྲགས་པ་སྦས་ཡུལ་རྒྱལ་པོ་གསུམ་གྱི་ཡ་གྱལ་པདྨོ་རྣམ་པར་བཀོད་པའི་ཡུལ་གྱི་བྱེ་བྲག་གཏེར་ཁུང་ཞེས་པར། ཡབ་ནི་སྤུར་རྒྱལ་བོད་རྗེ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་ལས་བྱ་ཁྲི་དང་དེའི་བརྒྱུད་པས་སྤོ་བོ་ཡུལ་དུ་ཕེབས་ཏེ་དབང་བསྒྱུར་ཞིང་། སྒོས་སུ་སྤོ་ལུང་མ་བུ་དྲུག མོན་ཚོ་ཁག་ལྔ་། ལྷོ་གྲྭ་དཀར་ནག་སོགས་མདོར་ན། སྤུ་ལུང་རྫོང་དང་། ཤུལ་མོ་རྫོང་། གཡུ་རུ་རྫོང་། ཐང་སྟོད་རྫོང་བཅས་ལ་དབང་སྒྱུར་མཁན་དེའི་བརྒྱུད་པ་ཀཿགནམ་པའི་རྒྱལ་བརྒྱུད་གམ་པ་དཔོན་ཚང་གི་སྲས་ཀཿཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་དང་། ཡུམ་ནི། ཇི་སྐད་དུ། མངའ་བདག་ཉང་གི་གཏེར་ལུང་ལས། ཆོས་ཀྱི་རྒྱལ་པོ་རཏྣ་གླིང་༔ འཕྲིན་ལས་བཞི་ལ་མངའ་བརྙེས་པའི༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ཞིག༔ བྱིན་གྱིས་རླབས་པའི་སྐྱེས་བུ་འབྱུང་༔ ཞེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པའི་གདུང་བརྒྱུད་ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་གྱི་ཡོན་ཕུ་ཆོས་རྗེའི་རིགས་ཀྱི་ཁ་ཚར་མ་ཉམས་པ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་འབྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་གི་ (1904) ལོའི་ཟླ་བ་དྲུག་པའི་ཚེས་བཅུ་ཉིན༌ངོ་མཚར་བའི་ལྟས་སྣ་མང་དང་བཅས་གཟུགས་སྐུའི་མཚན་དཔེའི་པདྨོ་བཞེད་དེ། ཞལ་ཕྱེས་མ་ཐག་ང་བདུད་འཇོམས་ཡིན་ཞེས་སྔོན་གནས་རྗེས་དྲན་གྱིས་སྐྱེས་བུ་དམ་པའི་མཚན་ཉིད་གསལ་བར་མཛད་པས། དེར་འདུས་མ་ལུས་ཡིད་ཆེས་པའི་གནས་ལ་བཀོད་པ་ཙམ་དུ་མ་ཟད། མཆོག་སྤྲུལ་དེ་ཉིད་རང་ཉིད་དགུང་ལོ་གསུམ་ཙམ་དུ་སོན་པ་ན་ (1906) རིག་འཛིན་གོང་མའི་ལུང་ཟིན་གྱི་ཆོས་བདག་བདེ་གཤེགས་སྨན་པའི་རྒྱལ་པོ་ངུར་སྨྲིག་འཛིན་པ་རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་། གླིང་བླ་མ་ཐུབ་བསྟན་ཆོས་འབྱོར་གྱིས་གཙོས་པའི་གོང་མའི་དངོས་སློབ་དང་ཡང་སློབ་འགའ་པདྨ་བཀོད་དུ་བྱོན་ཏེ། ཆུང་སྲིད་རིན་པོ་ཆེ་ཞལ་མཇལ་ཐོབ་མ་ཐག་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་ལ་མཚན་ནས་བོས་ཏེ་ངོས་འཛིན་མཛད་པ་དང་། གོང་མའི་སྐུ་ཆས་ཐོགས་མེད་དུ་ངོས་འཛིན་མཛད་པ་སོགས་ཀྱིས་རིག་འཛིན་བླ་མ་མཆོག་གི་ཡང་སྲིད་དུ་ངེས་པ་རྙེད་ནས་རིགས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་ཏུ་བཟུང་ནས་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་རིམ་པས་དགེ་བའི་བཤེས་གཉེན་ཨོ་རྒྱན་ཆོས་འབྱོར་དང་། མཁན་ཆེན་འཇམ་དཔལ་བདེ་བའི་ཉིན་མའམ་ཕན་བདེའི་འོད་ཟེར། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ངག་དབང་དཔལ་ལྡན་བཟང་པོ། བླ་མ་དཀོན་མཆོག་རབ་བརྟན། བླ་མ་པདྨ་བསྟན་འཛིན། ཨ་དགེ་དགེ་འདུན་རབ་རྒྱས། རྟོགས་ལྡན་བརྟན་པ་རབ་རྒྱས། ཁམས་རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་བདུད་འཇོམས་ནམ་མཁའི་རྡོ་རྗེ། བྱང་སེམས་བློ་གྲོས་རྒྱལ་མཚན། དུང་དཀར་ངེས་དོན་རྒྱ་མཚོ། སྔགས་བཙུན་དགེ་འདུན་རྒྱ་མཚོ། གཏེར་སྟོན་ཟིལ་གནོན་རྡོ་རྗེ་སོགས་ཀྱིས་གཙོས་པའི་བླ་མ་དང་དགེ་བའི་བཤེས་གཉེན་གྲངས་ལས་འདས་པ་བསྟེན་ཏེ། རིག་པའི་གནས་མཐའ་དག་ལ་བསླབ་པ་སློབ་གཉེར་མཛད་མོད། ཁྱད་པར་རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་རིན་པོ་ཆེ་མི་ལོ་བཅུ་དྲུག་རིང་ལ་བསྟེན་ཏེ། མཁྱེན་ཀོང་རྣམ་གཉིས་དང་། ཆོས་རྗེ་མི་ཕམ་སོགས་ནས་བརྒྱུད་པའི་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་དང་། ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གཏེར་གྱི་ཆོས་སྐོར་རྣམས་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གསན་པ་སོགས་ཀྱིས་མཚོན་ཏེ་མདོ་ན། ཇི་སྐད་དུ། རྒན་པའམ་ནི་གཞོན་པའང་རུང་།། གང་ལས་ཆོས་ནི་རྣམ་ཤེས་པ།། དེ་ལ་གུས་པས་ཕྱག་བཅས་ཏེ།། བྲམ་ཟེ་གཙང་མའི་མེ་ལ་བཞིན།། ཞེས་གསུངས་པ་ལྟར། དུས་སྐབས་ཅི་རིགས་པར་ཡོངས་སུ་གྲགས་པའི་བླ་ཆེན་ནམ་ཉམ་ཆུང་སྦས་པའི་རྣལ་འབྱོར་པ་ལྟ་བུ་སུ་ཡིན་རུང་། དོན་ལ་ཆོས་ཁུངས་ཀྱི་བརྒྱུད་པ་གཙང་མར་འཛིན་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཕྱིན་ཆད་དེ་དག་གི་བསྟི་གནས་སུ་ཕར་བཅར་བའམ་ཚུར་གདན་ཞུ་སོགས་ཇི་དགོས་ཡུལ་དུས་གནས་སྐབས་བླ་མའི་བཀའ་དགོངས་སོགས་ལ་ལྟོས་ཏེ། ཐུན་མོང་དང་ཐུན་མིན་ཆོས་སྐོར་མཐའ་དག་གསན་པ་ཙམ་མིན་པར། རིགས་བདག་བླ་མའི་བཀའ་བཞིན་གནས་ཆེན་གངས་བྲག་དབེན་གནས་སྒྲུབ་ཕུག་རྣམས་སུ་རྩ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་སྒྲུབ་སྡེའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲངས་ནས། གྲངས་དུས་མཚན་མའི་བསྙེན་པ་དུས་སྐབས་དང་མཐུན་པ་ཉམས་བཞེས་མཛད་པས། དངོས་ཉམས་རྨི་ལམ་གང་རུང་དུ་རང་རང་གི་གཞུང་ནས་ཇི་སྐད་གསུངས་པ་བཞིན་གྲུབ་པའི་རྟགས་དང་མཚན་མ་ཐོན་པ་བྱུང་ངོ་།།
དེ་ལྟར་གང་གིས་རྒྱལ་བསྟན་སྤྱི་དང་ཡང་སྒོས་གཏེར་གསར་གྱི་བསྟན་པ་འདི་ཉིད་སྔར་བས་དར་ཞིང་རྒྱས་པར་མཛད་ཚུལ་ནི། སྤྱིར་ཐུན་མོང་བའི་རིག་གནས་སྤྱི་དང་སྒོས་སུ་ཐུན་མིན་བཀའ་གཏེར་གྱི་ཟབ་ཆོས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་ལམ་ནས་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས་སྟེ། སྔ་འགྱུར་བ་རྣམ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་མི་དྲན་ཐབས་མེད་དུ་གྱུར་མོད། ཁྱད་པར་བདུད་འཇོམས་གོང་མའི་གཏེར་ཆོས་རྣམས་གཞིར་བཞག་གི་ཐོག་གཏེར་ཆེན་ཉིད་ཀྱི་གོ་སྐལ་དུ་གྱུར་བ་ལ་མདོར་ན་བཞི་སྟེ། དང་པོ་ནི། ཇི་སྐད་དུ། ཀུན་གྱི་སྙིང་པོ་ཞུན་ཐིག་ནི༔ ཡང་གསང་འདུས་པ་རྩ་བའི་སྐོར༔ ཐུགས་ཀྱི་ཐིག་ལེའི་དྭངས་མའི་བཅུད༔ ཕྱི་རོལ་གདོས་པོའི་ས་གཏེར་དུ༔ སྦ་ཞིང་འཇོག་པ་བློས་མ་ཐོངས༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དགོངས་ཀློང་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་གཟུགས་སུ་གཏམས༔ ཞེས་གསུངས་པ་ལྟར་བླ་མ་དྲག་པོའི་སྒྲུབ་པ་རྡོ་རྗེ་གྲོ་ལོད་ཀྱི་ཆོས་སྡེ་དང་། གཉིས་པ་ཐུགས་ཐིག་ཡབ་ཡུམ་རྣམ་གཉིས་ཏེ། ཇི་སྐད་དུ། ཨེ་མ་མཁའ་འགྲོ་སྒྲུབ་པའི་ཐབས༔ ཚིག་ཉུང་དོན་འདྲིལ་བྱིན་རླབས་ལྡན༔ ཟབ་ལམ་སྙིང་པོར་གྱུར་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་པའི་ཟབ་ལམ་མཁའ་འགྲོ་ཐུགས་ཐིག་དང་། ཡང་ཇི་སྐད་དུ། དེ་ལྟར་ཐུགས་སྒྲུབ་བྱེ་བའི་གནད༔ ཡོངས་འདྲིལ་སྙིང་པོའི་ལམ་ཟབ་འདི༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་དུ༔ གྱུར་ཏེ་ཕན་པ་བླ་མེད་ཤོག༔ ཅེས་གུ་རུས་ཐུགས་སྨོན་གནང་བའི་ཆོས་སྡེ་ཟབ་མོ་མཚོ་སྐྱེས་ཐུགས་ཐིག་རྣམ་གཉིས་སོ།། གསུམ་པ་ནི། ཇི་སྐད་དུ། དམ་ཅན་ཐམས་ཅད་འདུ་བའི་གནས།། དམ་མེད་ཤིན་ཏུ་དབེན་པའི་ཚལ།། དམ་ཚིག་ཅན་གྱི་ཚོགས་ཁང་དུ།། དམ་ཚིག་བརྡ་ཚིག་འདི་ལྟར་རོ།། སྔོན་གྱི་ལས་སྨོན་དུས་སུ་སྨིན་པ་ལས།། མ་འོངས་འགྲོ་བ་ཀུན་ལ་ཕན་པའི་སྨན།། གཅིག་དྲིལ་མཆོག་གི་གསང་བའི་མཛོད་འདི་ཉིད།། སློབ་དཔོན་རྣམ་གསུམ་དགོངས་པའི་མཐིལ་ཡང་ཡིན།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་རུ།། ཐེག་པ་རིམ་པ་དགུ་ཡི་མདོ་ཆིངས་ཀྱིས།། བཅིང་བ་ཚིག་ཉུང་དོན་རྒྱས་ཡི་གེའི་རིས།། ཀུན་གསལ་ངོས་ནས་འཇའ་མཚོན་ལྟ་བུ་ཤར།། ཀུན་བཟང་བརྒྱུད་པ་གསུམ་གྱི་སྙིང་བཅུད་འདི།། དུས་བབས་མནོག་པའི་ཆོས་སུ་ཤེས་ནས་ཀྱང་།། ཛྙཱ་ན་བཛྲ་ཀརྨ་མ་ཎི་དང་།། པུཎྱེ་པདྨ་ཨཽ་ཌིའི་མིང་ལ་གདམས།། རོང་ཆེན་བཞི་དང་ཤོད་ཆེན་བཞི་ལ་སྤེལ།། བསྟན་པའི་མེ་རོ་ཅུང་ཟད་སོས་པར་འགྱུར།། ཁྱད་པར་སྙིང་པོའི་དོན་ལ་དགའ་བ་ཡིས།། རབ་བྱུང་མཚན་བཟང་ཁྱེའུ་སྤྲེལ་ལོ་པ།། དེ་ཉིད་ཀུན་བཟང་ཆོས་སྐུའི་ཀློང་དུ་ཐིམ།། ནམ་མཁའ་ལས་བྱུང་རང་བྱུང་ཆེན་པོའོ།། སྟག་མོ་དགྲ་ལ་རྔམས་འདྲའི་ཁྱི་མོ་ང་།། སྔོན་ཚེ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ།། གུ་རུ་ཆེན་པོའི་བཀའ་རྟགས་རྡོ་རྗེ་བཟུང་།། ལས་འཕྲོ་ཅན་གྱི་མཆོག་ལ་འཕྲིན་དུ་སྒྲོགས།། མ་བསླུས་མི་བསླུ་བསླུ་བར་མི་འགྱུར་རོ།། ཞེས་གསུངས་པ་ལྟར། ཕུར་པ་སྤུ་གྲི་རེག་ཕུང་གི་ཆོས་སྐོར་དང་། བཞི་པ་ཐོར་བུ་བཅས་ཀྱི་ལམ་ནས་གཏེར་གསར་གྱི་བསྟན་པ་སྔར་བས་འཐུས་མཁོ་རྫོགས་པར་གནང་བ་སོགས་མདོ་ན་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་དར་ཁྱབ་མཛད་པ་མ་ཟད། བདག་ཉིད་ཆེན་པོ་དེའི་བུ་སློབ་ཀྱི་ཚོགས་ལ་ཆ་བཞག་ན། དུས་རབས་ཉི་ཤུའི་སྨད་ཀྱི་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཕལ་ཆེ་བས་བསྟེན་མ་མྱོང་བ་མེད་པ་ལྟ་བུ་ཞིག་བྱུང་ངོ་།། དེ་བཞིན་གནས་གཞི་ཁག་གསར་འཛུགས་ཀྱི་ལམ་ནས་དར་སྤེལ་མཛད་ཚུལ་ལ་ཆ་བཞག་ན། དང་ཐོག་སྦས་གནས་ཆེན་པོ་པདྨ་བཀོད་དུ་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གསར་དུ་བཏབ་པ་དང་། དེ་ནས་ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཉེ་བ་ན་ཟངས་མདོག་དཔལ་རིའི་རྟེན་དང་བརྟེན་པ་བཅས་པ་དང་། སྔགས་སྡེ་བླ་མ་གླིང་། སྒྲུབ་སྡེ་རྣམ་གྲོལ་ཆོས་གླིང་སོགས་བོད་དུ་བཞེངས་ནས། རིམ་པས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཤར་ནུབ་རྒྱལ་ཁབ་དུ་མར་རྟེན་དང་བརྟེན་པའི་ཆོས་གཞི་བཙུགས་ཏེ་ལུང་རྟོགས་བསྟན་པ་སྤྱི་དང་སྒོས་སུ་གཏེར་གསར་བསྟན་པ་དེ་ཉིད་ས་ཁྱབ་རྡོ་ཁྱབ་ཏུ་མཛད་དོ།། མདོ་ན་ཡེ་ཤེས་སྒྲིབ་བྲལ་ཆེན་པོ་ངོ་མཚར་སྐུའི་ཡོན་ཏན་དང་། ཆོས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་རྨད་བྱུང་གསུང་གི་ཡོན་ཏན། དྲི་མེད་ནམ་མཁའི་རང་བཞིན་ལྟར་ཡངས་ཤིང་དུལ་བའི་ཐུགས་ཀྱི་ཡོན་ཏན་བཅས་སྐུ་གསུམ་ཡོན་ཏན་མངོན་པར་བརྒྱན་པའི་བདག་ཉིད་ཆེན་པོ་དེ་ཉིད་མཐར་ཕྱི་ལོ་༡༩༨༧ ས་འབྲུག་བོད་རྒྱལ་ལོ་ ༢༡༡༥ བོད་ཟླ་ ༡༡ ཚེས་ ༡༨ ཉིན་རེ་ཞིག་ཉིི་མའི་གཟུགས་བརྙན་ལ་འཕེལ་འགྲིབ་སྣང་བ་བཞིན་དུ་ཞིང་འདིར་སྣང་བའི་གང་གི་གཟུགས་སྐུའི་བཀོད་པ་བསྡུས་ཏེ་པདྨ་འོད་ཀྱི་ཕོ་བྲང་དུ་མངོན་པར་བཞུགས་པའི་སངས་རྒྱས་པདྨ་འོད་འབར་གྱི་ཐུགས་ཀར་བསྡུས་པའི་ཚུལ་བསྟན་པའི་བར་དེར་གང་གི་གདུང་འཛིན་རྣམ་པ་དང་། སྲས་ཀྱི་ཐུ་བོར་གྱུར་པའི་བུ་སློབ་ཚོགས་ནས་ཀྱང་བདག་ཉིད་ཆེན་པོས་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་གཅིག་ཏུ་མི་ངལ་བར་བསྟན་འགྲོའི་དོན་ཉིད་མངོན་པར་གཞོལ་བར་གནང་ངོ་།། དེ་ལྟར་གཏེར་གསར་གྱི་བསྟན་པ་དེ་ཉིད་དུས་རབས་ཉི་ཤུ་པའི་ནང་བོད་ཀྱི་ཕྱི་ཕྱོགས་སུ་ས་དར་རྡོ་དར་དུ་བྱུང་ནའང་། བོད་ཁམས་རང་དུ་ཕྱི་ནང་གི་རྐྱེན་དུ་མ་ལ་བརྟེན་ནས་དེ་ཙམ་གྱིས་དར་ཁྱབ་མ་བྱུང་། དེས་ན་རྒྱལ་བསྟན་སྤྱི་དང་སྒོས་སུ་བོད་ཁམས་འདིར་གཏེར་གསར་གྱི་བསྟན་པ་དར་ཁྱབ་མ་ཐུབ་དེ་ཉིད་ཁ་སྐོང་བའི་སླད་དུ། བསམ་བཞིན་སྲིད་པར་བཟུང་བའི་སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་སྐུ་ཕྲེང་གསུམ་པ་སངས་རྒྱས་པདྨ་བཞད་པ་འགྲོ་འདུལ་རིག་འཛིན་འཕྲིན་ལས་གྲུབ་པའི་དཔལ་བཟང་པོའི་རྣམ་པར་ཐར་པ་ནི། བོད་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོའི་དབོ་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིད་ངོ་མཚར་བའི་ལྟས་དང་བཅས། འཕགས་མཆོག་རིགས་གསུམ་མགོན་པོ་དང་མཁན་སློབ་ཆོས་གསུམ་གྱི་གདུལ་ཞིང་བོད་ཁམས་བསིལ་ལྡན་ལྗོངས་ཀྱི་ཆར་གཏོགས་པའི་སྒ་སྐྱེ་དགུ་མདོར་ཆགས་པའི་དཔལ་ས་སྐྱའི་དགོན་སྡེ་ཆེན་པོ་ཞེའུ་མདོའི་དགོན་པར། ཡབ་༸སྐྱབས་རྗེ་གོང་མའི་གདུང་སྲས་མདོ་བླ་རིན་པོ་ཆེ་དང་། ཡུམ་མཁའ་འགྲོ་མའི་མཚན་དང་ལྡན་པའི་པདྨ་མཁའ་འགྲོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། སྔ་འགྱུར་རྙིང་མའི་བསྟན་བདག་རྣམ་པའི་གཙོས་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེས་ཆེན་ཀུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གི་ལམ་ནས་༸སྐྱབས་རྗེ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གྱིས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བར་མཛད་དོ།། དེ་ནས་རིམ་པས་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ། ༸སྐྱབས་རྗེ་གདུང་སྲས་འཕྲིན་ལས་ནོར་བུ། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ལ་སོགས་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་མཆོད་དེ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མ་ལུས་པར་གསན་བསམ་དང་ལྷག་པར་མགོན་པོ་གང་གི་ལྷ་སྐལ་དུ་འགྱུར་བའི་གཏེར་གསར་གྱི་ཆོས་སྐོར་དག་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་དང་སྦྲགས། སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་གདམས་པ་སྩལ་བར་མཛད་པ་མ་ཟད། མགོན་པོ་གང་ཉིད་ནས་བསྟན་འགྲོ་སྤྱི་དང་སྒོས་སུ་གཏེར་གསར་ཆོས་གཞི་གསར་འཛུགས་ལ་ཆ་མཚོན་ན། བོད་ཁམས་སྤོ་བོ་ཡུལ་དུ་ཟངས་མདོག་དཔལ་རིིའི་རྟེན་དང་བརྟེན་པ་བཅས་པ་བཞེངས་མུས་དང་། འཕགས་ཡུལ་ཨོ་ཌི་ཡ་ནར་ཟངས་མདོག་དཔལ་གྱི་རི་བོའི་རྟེན་དང་བརྟེན་པ་བཅས་པ་གཞེངས་འཆར་མཛད་བཞིན་པ་དག་གིས་གཙོས་པའི་མདོ་ན། ཇི་སྐད་དུ། སྔོན་ཚེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འཆང་།། མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་ཞབས།། ད་ལྟ་རྒྱལ་བསྟན་གཙུག་རྒྱན་བྱ་བྲལ་བ།། སངས་རྒྱས་པདྨ་བཞད་པར་གསོལ་བ་འདེབས།། ཞེས་པའི་རྣམ་པར་ཐར་པས་བརྒྱན་པའི་མགོན་པོ་གང་ཉིད་ནས་བོད་ཕྱི་ནང་ཀུན་ཏུ་རྒྱལ་བསྟན་སྤྱིའི་ཐུགས་ཁུར་ཆེར་བཞེས་དང་། ཆོས་བདག་གོང་མའི་འཕྲིན་ལས་དར་སྤེལ་ཡང་སྔར་བས་ཆེར་བསྐྱེད་ཀྱིས་འགྲོ་དོན་མཛད་བཞིན་པའི་སྐབས་དེར་གློ་བུར་དུ་བདག་ཅག་བུ་སློབ་ཚོགས་ཀྱི་བསོད་ནམས་ཀྱིས་མི་ལྕོག་པར། བོད་ལྕགས་གླང་ ༢༠༤༨ ཟླ་བ་ ༡༢ ཚེས་ ༡༤། ༢༠༢༢ ཟླ་བ་ ༢ ཚེས་ ༡༥ ལ་མགོན་པོ་མཆོག་དགུང་གྲངས་ ༣༢ ཐོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་ཕྱི་གསལ་གཟུགས་སྐུའི་བཀོད་པ་དབྱིངས་ཀ་དག་ཆེན་པའི་ཀློང་དུ་བསྡུས་ཚུལ་བསྟན་པས། གདུལ་བྱ་རྣམས་མྱ་ངན་གྱིས་ཅི་བྱ་གཏོལ་མེད་གྱུར་ཏེ་ཡིད་ལྷག་པར་ཞུམ་པའི་ཚེ། ༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བུ་སློབ་ཚོགས་ལ་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་སྟེ། ད་ལྟའི་དུས་འདིར་སེམས་ཞུམ་ནས་སྡོད་རྒྱུའི་ཚབ་ལ། སྙིང་སྟོབས་སླར་ལྷག་བསྐྱེད་དེ་རང་རང་གི་ཉམས་ལེན་དང་བསྟན་པའི་བྱ་བ་བརྩམ་དགོས་པའི་བཀའ་སློབ་ལམ་སྟོན་གྱི་བདག་རྐྱེན་ལས། རྗེས་ཤུལ་བསྟན་བདག་རྣམས་དང་། དགེ་འདུན་གྱི་སྡེ། རྣལ་འབྱོར་ཕོ་མོ་རྣམས་པས་བསྟན་པ་གྲ་མ་གྲུ་མ་ཞིག་པར་འགྲོ་བའི་དོན་རླབས་པོ་ཆེ་མཛད་དང་མཛད་མུས་ལགས་སོ་ཞེས། དེ་ལྟར་རེ་ཞིག་ཆོས་བདག་རྣམས་ཀྱི་གཟུགས་སྐུའི་རྣམ་ཐར་དང་སྦྱར་ཏེ་ཆོས་སྐོར་འདིའི་ལོ་རྒྱུས་མདོ་ཙམ་པ་ཞིག་སུ་ཁ་མིང་འཛིན་པས་ཆུ་བུར་བློའི་དད་པའི་ས་བོན་གྱི་ཚུལ་དུ་ཞུས་པའོ།།
བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ། །བདུད་འཇོམས་གླིང་པའི་ཞབས་ལ་གསོལ་བ་འདེབས། །