top of page

 

༄༅། །སྔ་འགྱུར་སྤྱིའི་རྡོར་གདན་སྨོན་ལམ་ཆེན་མོའི་བྱུང་བ།

 

༄༅། །སྤྱི་ལོ་ ༡༩༦༠ ལོར་ཨོ་རྒྱན་སངས་རྒྱས་གཉིས་པ་མིའི་ཤ་ཚུགས་སུ་བྱོན་པ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རིམ་བཞིན་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བ། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་ཀུན་བཟང་དབང་རྒྱལ། ༧སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བློ་གྲོས། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས་དཔལ་བཟང་པོ་དང་། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་རྣམས་ཀྱིས་སྔ་འགྱུར་སྤྱིའི་སྨོན་ལམ་ཆེན་མོ་འདི་ཉིད་གཙིགས་ཆེན་དུ་མཛད་དེ་སྨོན་ལམ་ཚོགས་དབུར་ཞབས་བཅགས་གནང་བ་དང་། ལྷག་པར་དུ་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་རླབས་ཆེན་གྱི་ལམ་སྟོན་དང་འབྲེལ་མགོན་པོ་གང་ཉིད་ཞི་བར་མ་གཤེགས་ཀྱི་བར་དུ་མུ་མཐུད་དེ་སྨོན་ལམ་ཆེན་མོར་དབུ་བཞུགས་མཛད་པས་དད་ལྡན་མང་ཚོགས་ལ་སེམས་འགུལ་བླ་མེད་ཐེབས་ཡོད་ཅིང་། བསྟན་པའི་སྦྱིན་བདག་ཆེན་པོ་༧སྐྱབས་རྗེ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ་མཆོག་ནས་ལམ་སྟོན་དང་རོགས་སྐྱོར་རྒྱུན་དུ་མཛད་པར་མ་ཟད། ཐུགས་བསྐྱེད་མཚུངས་མེད་ལ་དྭགས་ཆོས་རྗེ་རིན་པོ་ཆེ་མཆོག་ནས་ཀྱང་སྔ་འགྱུར་སྨོན་ལམ་ཆེན་མོར་མུ་མཐུད་དེ་མཐུན་འགྱུར་རོགས་རམ་གནང་བ་ལ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་འཛིན་པ་ཡོངས་ཀྱིས་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་དང་གུས་འདུད་བླ་མེད་ཞུ་འོས་པ་དང་། གོང་གསལ་༧སྐྱབས་རྗེ་རིན་པོ་ཆེ་རྣམ་པའི་ཞུམ་པ་མེད་པའི་ཐུགས་བསྐྱེད་ཀྱི་ཉེར་ལེན་ཁོ་ན་ལ་བརྟེན་ནས་དུས་མཐའ་འདིར་ཡང་སྔ་འགྱུར་བའི་བསྟན་པ་འདི་ཉིད་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་སྐྱོང་དང་ཉམས་བཞེས་བྱ་རྒྱུ་ཡོད་པ་དང་། སྔ་འགྱུར་སྨོན་ལམ་ཆེན་མོའི་ངོ་བོ་ཡང་ལོ་ནས་ལོ་རེར་ཕྱི་ནང་གང་ཅིའི་ཐད་དགེ་མཚན་གྱི་རྣམ་པ་ཇེ་མང་དུ་མངོན་སུམ་གྱི་ཡུལ་དུ་འགྱུར་གྱིན་ཡོད་པ་ནི། ༧སྐྱབས་རྗེ་དམ་པ་རྣམས་ཀྱི་མཚུངས་པ་མེད་པའི་རླབས་ཆེན་གྱི་ཐུགས་བསྐྱེད་ཁོ་ནའི་ཉེེར་འབྲས་ལགས་སོ།།

 

གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་བརྙེས་ཚུལ།

 སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས། གནས་འདི་ནི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་ལུང་ཕྲན་ཚེགས་ལས། དགེ་སློང་དག་ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་། དྲན་པར་འགྱུར་བར་བྱའོ།། བཞི་གང་ཞེ་ན་འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ།། འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ།། འདིར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ།། འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཞེས་གསུངས་པ་ལྟར་གནས་ཆེན་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། གཞན་ཡང་གནས་མཆོག་རྡོ་རྗེ་གདན་འདི་ནི་མདོ་སྔགས་རྒྱུད་སྡེ་རྣམས་ཀྱི་འབྱུང་ཁུངས་ཀྱང་ཡིན་ཏེ། སྔ་འགྱུར་གྱི་རྒྱུད་སྡེ་རྒྱ་མཚོ་རྣམས་དང་ལྷག་པར་རྫོགས་ཆེན་གྱི་མན་ངག རྒྱུད་བཅུ་བདུན། སྔ་འགྱུར་རྒྱུད་གསུམ། ཕུར་པའི་རྒྱུད་སྡེ་རྒྱ་མཚོ་དང་བཅས་པའི་འབྱུང་གནས་ཀྱང་རྡོ་རྗེ་གདན་འདི་ཉིད་ཡིན་པར་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཞབས་ཀྱིས་གཏེར་ལུང་དུ་མ་ལས་ཡང་ཡང་བསྔགས་པ་མཛད་ཡོད་པའི་ཕྱིར་རོ།། དེར་མ་ཟད་ཉན་ཐོས་འོད་སྲུང་གིས་གཙོས་བསྟན་པའི་གཏད་རབས་བདུན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གཙོས་རྒྱན་དྲུག་མཆོག་གཉིས་དང་། མཁས་པ་སྒོ་དྲུག གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་མཚོན་པའི་བྱང་འཕགས་རྣམས་དང་། ཆོས་རྒྱལ་གཟུགས་ཅན་སྙིང་པོ། རྒྱལ་པོ་གསལ་རྒྱལ། ཆོས་རྒྱལ་མྱ་ངན་མེད་བཅས་ཀྱིས་མཚོན་པའི་བསྟན་པའི་དཔལ་ཡོན་དམ་པ་འཕགས་ཡུལ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་སོགས་པས་ཀྱང་དུས་དང་དུས་སུ་གནས་མཆོག་འདི་ལ་ཞིག་གསོས། སྲུང་སྐྱོབ། བསྟོད་བསྔགས་བཅས་ཚོགས་གཉིས་བསོག་སའི་ཞིང་མཆོག་དམ་པར་ངོས་བཟུང་གནང་ཡོད། དེང་གི་ཆར་ཡང་འཛམ་གླིང་ནང་པའི་རྒྱལ་ཁབ་ཡོངས་དང་། ༧སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་གྱིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་རྣམས་དང་། ནང་པའི་གྲལ་དུ་ཆུད་ཚད་པོས་གནས་མཆོག་འདི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་སུ་ངོས་བཟུང་ནས་བསོད་ནམས་ཀྱི་ཞིང་མཆོག་དམ་པར་དམིགས་ཏེ། དད་དམ་གཙང་མས་ཕྱག་མཆོད་ཞུ་བཞིན་ཡོད། གནས་མཆོག་དེར་ཐ་ན་རྨི་ལམ་དང་འགྲོ་བའི་འདུན་པ་ཙམ་གྱིས་ཀྱང་བསོད་ནམས་ཚད་མེད་བསོག་པ་དང་། སྡིག་སྒྲིབ་དག་པར་མདོ་རྒྱུད་བསྟན་བཅོས་དག་ལས་ཡང་ཡང་གསུངས་ན་མཐོང་ཐོས་རེག་པ་སོགས་དངོས་སུ་ཕྱག་མཆོད་ཀྱི་སྦྱོར་བ་བྱས་པས་བསོད་ནམས་གཞལ་བར་དཀའ་བ་གསོག་ནུས་པ་ནི་སོ་སྐྱེའི་བློ་ཡུལ་གྱི་ར་བ་ལས་འདས་པ་ཡིན་ནོ།།

  དེ་ལྟར་ལོ་ངོ་ཉིས་སྟོང་མ་ཟིན་ཙམ་དུ་སངས་རྒྱས་ཀྱི་བསྟན་པ་བརྒྱུད་པའི་སྙིང་དང་ལྟེ་བ་ལྟ་བུར་གྱུར་ཏེ་ཆེ་བ་དུ་མས་བརྒྱན་ཅིང་། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་ནང་རྟེན་དུ་བཞུགས་པའི་མཆོད་རྟེན་ཁྱད་འཕགས་མང་པོ་ཡོད་པ་ལས། ནང་པའི་གནས་ཆེན་བརྒྱད་ཀྱི་གཙོ་བོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་ཆེན་མོའི་དྲུང་དུ། ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་འཕགས་པ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་རྒྱལ་ཡོངས་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་འགོ་སྟོད་སྤྱི་ལོ་  ༡༩༨༢ ཙམ་ནས་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེས་དབུ་ཁྲིད་དེ་གནས་མཆོག་རྡོ་རྗེ་གདན་དུ་བཟང་སྤྱོད་སྨོན་ལམ་འབུམ་ཐར་བསོག་རྒྱུ་དབུ་ཚུགས་པ་དང་། དེ་ནས་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུ་ཁྲིད་དེ་དགེ་འདུན་བརྒྱ་ཕྲག་དུ་མས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། ལྟུང་བཤགས་འབུམ་ཐེར་དུ་མ་གསོག་གནང་མཛད་པ་དེ་ཉིད་གསང་ཆེན་སྔ་འགྱུར་བའི་རྒྱལ་ཡོངས་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་ཀྱི་རྟེན་འབྲེལ་དུ་འགྲིགས།

 དེའི་རྗེས་བསྟན་པ་ལ་ལྷག་བསམ་གཅིག་ཏུ་དཀར་བའི་༧སྐྱབས་རྗེ་དར་ཐང་མཆོག་སྤྲུལ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གི་བདག་རྐྱེན་ལ་བརྟེན་ནས་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་ཐུབ་པ་བྱུང་ཡོད། དེ་ཡང་༧སྐྱབས་རྗེ་མཆོག་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་འཛུགས་རྒྱུའི་ཐོག་མའི་ཐུགས་བསྐྱེད་ནི། ༡༩༧༠ ནང་འཁྲུངས་པ་ཡིན་ཞིང་། དེའི་རྒྱུ་གཙོ་བོ་ནི་༧སྐྱབས་རྗེ་ཉིད་ཀྱི། “སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ནི་རྒྱལ་བསྟན་འཛིན་པའི་ལས་འགན་སྒྲུབ་ཆེད་གནད་འགག་ཆེན་པོ་ཡིན། ང་ཚོའི་བླ་མ་དུས་རབས་འདིའི་ནང་མཁྱེན་པ་དང་བརྩེ་བ་ཕུལ་དུ་ཕྱིན་པའི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེ་གཉིས་པ་ཆོས་ཀྱི་བློ་གྲོས་གནས་མཆོག་འདིར་སྒོམ་སྒྲུབ་མཛད་དེ། འདི་ལས་དམ་ཆོས་ཉི་མའི་འོད་ཟེར་སླར་ཡང་ཤར་ཏེ་འཇིག་རྟེན་ཀུན་ཏུ་ཁྱབ་པའི་ཐུགས་སྨོན་ཟབ་རྒྱས་གནང་བའི་རྐྱེན་གྱིས། ངོས་ནས་སྨོན་ལམ་གྱི་སྦྱིན་བདག་བསྟུད་མར་བྱ་རྒྱུའི་བློ་སྤོབས་སྐྱེས་བྱུང་། སྤྱི་ལོ་ ༡༩༨༩ ལོར་ངོས་ནས་བླ་མ་གྲོགས་པོ་མང་པོ་ལ་རྡོར་གདན་དུ་ཉིན་ཉེར་ལྔའི་རིང་འཛམ་གླིང་ཞི་བདེ་དང་། དམ་ཆོས་ཡུན་རིང་དུ་གནས་པ་དང་། བླ་མ་དང་ཕ་མའི་སྐུ་ཚེ་བརྟན་ཆེད་སྨོན་ལམ་འཚོགས་རྒྱུར་གདན་འདྲེན་ཞུས་པ་ཡིན། སྨོན་ལམ་གྱི་གྲུབ་འབྲས་ཤིན་ཏུ་བཟང་བས་ང་ཚོས་ལོ་ལྟར་འཆར་ཅན་སྨོན་ལམ་འཚོག་རྒྱུའི་གྲོས་ཐག་བཅད། དེ་ནས་བཟུང་སྟེ་ང་རང་སྨོན་ལམ་ལ་གང་ཐུབ་བཅར་བ་ཡིན། སྤྱི་ལོ་ ༡༩༩༣ ལོར་ངོས་ནས་འབྱུང་འགྱུར་གྱི་སྨོན་ལམ་འཚོགས་ཆེད་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཤིང་། རྡོར་གདན་སྔ་འགྱུར་སྨོན་ལམ་ཚོགས་པའི་ངོས་ནས་ཀྱང་སྨོན་ལམ་གྲ་སྒྲིག་དང་སྦྱིན་བདག་གཞན་འཚོལ་རྒྱུའི་དམ་བཅའ་བྱས། བླ་མ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་གུས་པས་ཁས་ལེན་སྒྲུབ་ནུས་པ་བྱུང་། ཕྲན་རང་གང་ཟག་སྒེར་གཅིག་གི་ངོས་ནས་འཇོན་ཐང་དང་ནུས་པའི་ཟད་མཐར་ཐུག་མོད། འོན་ཀྱང་སྨོན་ལམ་ཇི་སྲིད་ནམ་གནས་བར་བརྟན་ཆེད་རང་ངོས་ནས་མུ་མཐུད་གང་ཐུབ་བྱ་རྒྱུ་ཡིན། ལོ་ལྟར་ངོ་མཚར་ཆེ་བའི་རྣལ་འབྱོར་པ་མང་པོ་སྨོན་ལམ་ལ་ཕེབས་བཞིན་པ་ལྟར་མ་འོངས་པར་ཡང་སྨོན་ལམ་ཆེན་མོའི་གྲུབ་འབྲས་དེ་བས་ལྷག་པ་ཡོང་བའི་རེ་བ་ཡོད།” ཅེས་གསུངས་པ་ལྟར་སྟོན་པའི་འདས་ལོ་ ༢༥༣༣ གུ་རུ་སྲིན་ཡུལ་དུ་གཤེགས་ལོ་ ༡༡༡༣ སྤྱི་ལོ ༡༩༨༩ ལོར་རིན་པོ་ཆེ་གང་ཉིད་རྒྱ་གར་དུ་སྨོན་ལམ་གོ་སྒྲིག་ཆེད་དངོས་སུ་ཕེབས་ཏེ་བརྒྱུད་སྐུལ་དང་བླ་ན་མེད་པའི་གཏོང་ཕོད་ལ་བརྟེན་ནས་༧སྐྱབས་རྗེ་དམ་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བ་མཆོག་དང་། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་ཀུན་བཟང་དབང་རྒྱལ། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་བཟང་པོ། ༧སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བློ་གྲོས་བཅས་ཀྱིས་གཙོས་རྒྱ་བལ་འབྲུག་གསུམ་ནས་སྔ་འགྱུར་བའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་སློབ་དགེ་སྔགས་བཙུན་གསུམ་ཇི་སྙེད་ཡོད་པ་གདན་ཞུས་གནང་བའི་སྡེ་གཉིས་ཀྱི་དགེ་འདུན་འདུས་པ་ཡོངས་ནས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདི་ཉིད་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་ཆེན་མོའི་དྲུང་དུ་ཐོག་མའི་དབུ་འབྱེད་མཛད་སྒོ་དང་འབྲེལ་དབུ་འཛུགས་གནང་སྟེ། རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པ་གཉིས་ལོ་རེར་འབུམ་ཐེར་བརྒལ་བ་ལོ་ངོ་གསུམ་རིང་གསོག་སྒྲུབ་དང་། མཆོད་སྤྲིན་སྣ་ལྔས་ནམ་མཁའི་འོད་མདངས་འགྱུར་བ་སྤྲོ་འབུལ་མཛད་པའི་དགེ་ཚོགས་རླབས་པོ་ཆེར། ༧སྐྱབས་རྗེ་རྣམ་པ་ཐུགས་ཀྱི་དགྱེས་པ་རབ་ཀྱི་རྩེ་མོར་སོན་ནས། “རྣམ་པ་ལྷན་རྒྱས་བཀའ་བསྡུར་གྱིས་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་དགེ་ཚོགས་རླབས་ཆེན་འདི་ལྟ་བུ་ད་ལན་ལོ་གསུམ་གྱིས་མཇུག་སྒྲིལ་བ་མ་ཡིན་པར་ཇི་སྲིད་ནམ་གནས་བར་འཚོགས་ཐུབ་པ་དགོས་རྒྱུའི་བཀའ་སློབ་དང་། མཐུན་རྐྱེན་ཐད་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ཡིན་ནའང་། གཙོ་བོ་༧སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་དགོངས་བཞེས་རྒྱ་གང་ཆེར་གནང་དགོས་”ཞེས་གསུངས་གསལ་ལྟར། ༧སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་དེ་བཞིན་ཞལ་བཞེས་བཀའ་དྲིན་བསྐྱངས། དེ་ལྟར་སྨོན་ལམ་ཆེན་མོ་དབུ་ཚུགས་པ་ཙམ་མ་ཟད་མུ་མཐུད་དེ་རྒྱུན་སྐྱོང་གིས་འཚོགས་རྒྱུ་གཏན་ཁེལ་བས་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཞེས་པའི་མཚན་གྱི་ཅོད་པན་བསྩལ།” རྗེས་ལོའི་སྨོན་ལམ་སྐབས་སླད་ཕྱིན་ལོ་རེ་ལོ་རེའི་ཕྱག་ལས་གནང་ཕྱོགས་དགོན་སྡེ་ཆེ་ཁག་རྣམས་ཀྱིས་དབུ་ཁྲིད་དེ་རྙིང་དགོན་ཆེ་ཕྲ་ཡོངས་ནས་གནང་རྒྱུ་དང་། ལས་ཀའི་ས་དམིགས་ལ་འཚམས་པའི་ལས་བྱེད་ཀྱང་བསྐོ་བཞག་གནང་བར་མཛད།

 ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་མཆོག་སྨོན་ལམ་ཆེན་མོ་སྐབས་གསུམ་པའི་བར་དབུ་བཞུགས་ཀྱིས། སྨོན་ལམ་ཆེན་མོའི་དུས་ཆེན་སྐབས་དཀར་ཟས་ཁོ་ནར་ལོངས་སྤྱོད་དགོས་པའི་ལམ་སྟོན་མཛད་པ་ལྟར་ད་བར་ལག་བསྟར་ཚུལ་བཞིན་དུ་གྲུབ་ཡོད་ཅིང་། སྨོན་ལམ་ཆེན་མོ་འདི་ཉིད་ཐོག་མར་དབུ་འཛུགས་སྐབས་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རིག་འཛིན་རྣམ་གཉིས་ཀྱིས་གཙོ་འཛིན་ཐོག་བལ་ཡུལ་དར་ཐང་བཤད་གྲྭ་ནས་ལོ་ངོ་བཞི་ལྔ་ཙམ་ལ་གོ་སྒྲིག་གནང་ཞིང་། དེ་རྗེས་རིམ་བཞིན་ཐེག་མཆོག་རྣམ་གྲོལ་བཤད་གྲུབ་དར་རྒྱས་གླིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན། སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག དཔལ་ཡུལ་ཆོས་འཁོར་གླིང་། མཆོག་གླིང་དགོན། འབྲས་ལྗོངས་སྔ་འགྱུར་རྙིང་མའི་དགོན་སྡེ་ཡོངས་རྫོགས། འབྲུག་ཁུལ་སྔ་འགྱུར་བའི་དགོན་སྡེ་ཁག་བཅས་ཀྱིས་སྨོན་ལམ་གོ་སྒྲིག་འགན་ཁུར་བཞེས་ཏེ་ཞབས་འདེགས་ཞུས་ཡོད། སྨོན་ལམ་ཆེན་མོ་ཐོག་མར་འགོ་འཛུགས་སྐབས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་བདུན་བརྒྱ་ལྷག་གིས་མཉམ་ཞུགས་གནང་ཡོད།

 

སྨོན་ལམ་ཚོགས་ཞུགས་པའི་འཕེལ་རིམ།

 སྨོན་ལམ་ཆེན་མོའི་དམིགས་ཡུལ་དང་བྱེད་སྒོ་གང་ཡང་ཆོས་ཕྱོགས་དང་འབྲེལ་བ་ཤ་སྟག་ཡིན་པས་རིམ་བཞིན་རྒྱ་ཁྱབ་ཏུ་སོང་བར་བརྟེན་མཉམ་ཞུགས་གནང་མཁན་ཕྱོགས་མཐའ་ཁག་གི་དགོན་སྡེའི་གྲངས་འབོར་ཡང་ཚད་ལས་བརྒལ་བ་འཕར་ཡོད་དེ། ད་བར་བོད་དང་རྒྱ་བལ་འབྲུག་གསུམ་སོགས་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པའི་དགོན་སྡེ་ཁག་གི་མཚན་རྡོར་གདན་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཚོགས་ཆེན་གྱི་མཚན་གཞུང་ནང་འཁོད་ནས་གཏན་ཁེལ་བའི་དགོན་སྡེ་ཁྱོན་བསྡོམས་ ༡༡༠༠ ལྷག་ཙམ་ཡོད་པ་དང་། མཚན་གཞུང་ནང་འཁོད་ཀྱང་གཏན་ཁེལ་མ་ཟིན་པའི་དགོན་སྡེ་ཁག་བསྡོམས་ ༥༢༨ ཙམ་ཡོད་པ་ད་ལྟ་ཞིབ་འཇུག་བྱ་རྒྱུ་དང་དགོས་ངེས་ཡིག་ཆ་མ་ཚང་བའི་རྐྱེན་གྱིས་ལྷག་ཡོད་ཅིང་། གཞན་ཡང་རྒྱལ་སྤྱིའི་སྟེང་ཡོད་པའི་རྙིང་མའི་དགོན་སྡེ་ཡོད་ཚད་གང་པོས་ཆ་རྐྱེན་ཡིག་ཆ་ཚང་བའི་སྒང་ནས་ཚོགས་ཞུགས་བྱ་ཐུབ་ཀྱི་ཡོད། སྨོན་ལམ་སྐབས་བདུན་པ་ཙམ་ནས་སྨོམ་ལམ་ལ་ཆིབས་བསྒྱུར་སྐྱོང་མཁན་བླ་མཆོད་སྡེ་གཉིས་ཀྱི་དགེ་འདུན་པའི་གྲངས་འབོར་ཇེ་མང་ཇེ་མང་དུ་ཕྱིན་པས་ལོ་རེའི་སྨོན་ལམ་གཞུང་ལ་ཐོ་བཀོད་ལྟར་འབྱོར་བ་ཞལ་གྲངས་དྲུག་སྟོང་ལྷག་ལས་བརྒལ་བ་དང་། དེ་བཞིན་ཐོ་མ་འཁོད་པར་འབྱོར་མཁན་སྟོང་ཚོ་གཉིས་ལྷག་བརྒལ་བ་བྱུང་ཞིང་། ལྷག་པར་སྤྱི་ལོ་ ༢༠༠༩ ལོ་ནས་སྨོན་ལམ་ཚོགས་བཞུགས་དགེ་འདུན་པའི་ཞལ་གྲངས་ཁྲི་ཕྲག་མ་ཟིན་ཙམ་བྱུང་ཡོད།

 

སྨོན་ལམ་དངོས་གཞིའི་སྐབས།

 སྨོན་ལམ་ཆེན་མོ་འདི་ནི་ལོ་ལྟར་༧སྐྱབས་རྗེ་གོང་མ་རྣམས་ཀྱི་ཐུགས་དགོངས་གཏན་འབེབས་གནང་བ་བཞིན་ཧོར་ཟླ་བཅུ་གཉིས་པའི་ཚེས་ ༡ ནས་ཚེས་ ༡༠ བར་འཚོགས་ཀྱི་ཡོད་པ་དང་། ཉིན་ཞག་བཅུའི་རིང་ལ་ཞོགས་པའི་ཆར་བྱང་སྡོམ་ལེན་ཆོག་དང་། ཐུབ་ཆོག་བྱིན་རླབས་གཏེར་མཛོད། གནས་བརྟན་ཕྱག་མཆོད། སྒྲོལ་ཆོག དེ་བཞིན་གསོལ་འདེབས་ལེའུ་བདུན་མ་རྣམས་ཞལ་འདོན་མཛད་ཀྱི་ཡོད་པ་དང་། དེའི་རྗེས་དང་ཉིན་རྒྱབ་ཧྲིལ་པོར་གཙོ་བོ་རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དང་། སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པ་གཉིས་ཚར་བསགས་གནད་སྨིན་མཛད་དེ་ཞོར་ལ་སྨོན་ལམ་སྟོབས་པོ་ཆེ། འཕགས་པ་བྱམས་པའི་སྨོན་ལམ། བདེ་སྨོན། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱིས་མཐའ་རྟེན་མཛད་ནས་ཉིན་མཐའ་མར་ཚེས་བཅུའི་ཚོགས་འབུལ་རྒྱས་སྤྲོས་ཀྱིས་བཀྲ་ཤིས་བསྔོ་སྨོན་དང་བཅས་མཇུག་གྲུབ་ཀྱི་ཡོད། ཉིན་མཐའ་མ་ཚེས་བཅུ་ལ་ཚོགས་མཆོད་གཏང་རག་རྒྱ་ཆེར་སྤྲོ་འབུལ་བྱེད་ཀྱི་ཡོད་པ་ནི། གཙོ་བོ་སྔ་འགྱུར་རྙིང་མ་པའི་ཆོས་དང་གང་ཟག་གཉིས་ཀའི་ཕུགས་གཏུག་ས་ཨོ་རྒྱན་གྱི་གུ་རུ་པདྨ་སམྦྷ་ཝའི་དམིགས་བསལ་གྱི་དུས་ཆེན་ཡིན་པས་དེ་ལྟར་གཏན་ཁེལ་བ་ཡིན།

 ད་ལྟའི་བར་སྨོན་ལམ་ཚོགས་ཞུགས་སྐབས་རྡོ་རྗེ་གདན་མཆོད་སྡོང་ཆེན་མོའི་ཕྱོགས་བཞི་རུ་འཚོགས་ཀྱི་ཡོད་ལ། དེ་ཡང་ཤར་དུ་བཙུན་མའི་སྡེ་ཡོངས་རྫོགས། ལྷོ་དང་ནུབ་གཉིས་སུ་རབ་བྱུང་དགེ་འདུན་པའི་སྡེ་ཡོངས་རྫོགས། བྱང་ཕྱོགས་སུ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡོངས་རྫོགས་བཅས་འཚོགས་སྟངས་ཀྱི་རྣམ་པ་དེ་འདྲའི་ངོ་བོར་གྱུར་ཡོད། བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་གཡས་གཡོན་སོ་སོར་སྔ་དགོང་སྨོན་ལམ་འཚོགས་བཞིན་པའི་སྐབས་ཚུལ་མཐུན་ཡ་རབས་བཟང་སྤྱོད་ཀྱི་རིགས་ཉམས་བཞེས་ལེགས་ཐོན་འབྱུང་ཕྱིར། དགེ་སྐོས་སམ་ཆོས་ཁྲིམས་པ་དུ་མ་བསྐོ་བཞག་བྱེད་ཀྱི་ཡོད་ཅིང་། མཆོད་རྟེན་རིན་པོ་ཆེའི་གཡས་གཡོན་ཙམ་མ་ཟད་རྡོར་གདན་ཡུལ་མི་རྣམས་དང་མཐུན་ལམ། རྙིང་མའི་ཆོས་སྒར་ཆེན་མོར་བཞུགས་རིང་རྣམ་ཀུན་སྒོ་གསུམ་གྱི་བཟང་སྤྱོད་གང་ལེགས་ཡོང་ཆེད་བརྟག་ཞིབ་ཀྱང་གང་དྲག་གནང་རྒྱུའི་བཀོད་ཁྱབ་བྱས་ཡོད།

 བོད་ཟླ་ ༡༢ པའི་ཚེས་ ༡༨ ཉིན་སྔ་འགྱུར་བ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་ཁེལ་གྱི་ཡོད་སྟབས། ཉིན་གསུམ་གྱི་རིང་༧སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གི་བདག་རྐྱེན་ལ་བརྟེན་ནས་ཚོགས་མཆོད་འབུལ་གྱི་ཡོད་ཅིང་། སྔ་འགྱུར་སྨོན་ལམ་ཆེན་མོ་ལོ་ལྟར་བོད་ཟླ་ ༡༢ པའི་ནང་འཚོགས་རྒྱུའི་གཏན་འབེབས་གནང་བའི་དགོས་པའང་དེ་སྐབས་རྒྱ་བལ་འབྲུག་སོགས་ན་ཡོད་པའི་སྔ་འགྱུར་བའི་དགོན་སྡེ་ཁག་གི་བཤད་གྲྭའི་ཆོས་རྒྱུགས་ཆེན་མོ་རྣམས་ཀྱང་ཕལ་ཆེར་ལེགས་གྲུབ་ཟིན་པ་དང་རྡོ་རྗེ་གདན་གྱི་གནམ་གཤིས་ཀྱི་གནས་བབས་ཀྱང་རང་རེ་རྣམས་ལ་འཕྲོད་ངེས་ཡིན་པ་སོགས་ཀྱི་རྒྱུ་མཚན་ལ་དམིགས་པ་ཡིན་ཞེས་རེ་ཞིག་སྔ་འགྱུར་སྤྱིའི་རྡོར་གདན་སྨོན་ལམ་ཆེན་མོའི་བྱུང་བ་དེ་ཙམ་གྱིས་འཐུས་པར་བྱས་ཏེ་བཞག་པའོ།།

Lotus in Bloom

༈ ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །
གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

bottom of page